དེབ་གསར་ངོ་སྤྲོད། 《 གླུ་སིལ་མ 》

ན་གཞོན་སྙན་ངག་རྩོམ་མཁན་བརྒྱད་ཀྱིས་རང་ཉིད་ཀྱི་ཚོར་བ་དང་ཤེས་རབ། སྤོབས་པ་སོགས་ལ་བརྟེན་ནས《གླུ་སིལ་མ》ཞེས་པའི་སྙན་དེབ་ཅིག་བསྐྲུན་པར་སྙིང་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་ཞུ་བ་དང་ལྷན་དུ ། ཁོང་ཚོའི་སྙན་ངག་དག་ལས་ན་གཞོན་དག་གི་སྤོབས་པ་དང་ང་རྒྱལ། རིགས་ཞེན་གསུམ་གྱི་ང་རོ་དེའང་གསལ་བོར་ཐོས་ཐུབ་པས། ཁོང་ཚོས་མ་འོངས་པའི་ལོ་ཟླ་རིང་མོའི་ནང་མུ་མཐུད་དུ་སྙན་ངག་གི་ཕྱོགས་ལ་འདི་ལྟར་ཤུགས་བརྒྱབ་པ་ཡིན་ན། ཁོང་ཚོའི་མ་འོངས་པའི་ལམ་ཁ་སྔར་ལས་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་འགྲོ་བར་ཡིད་ཆེས་བརྟན་པོ་ཡོད་དོ།།

ཞེས་མར་ཁུ་རྒྱལ་མཚན་གྱིས་མདོ་སྨད་གཅན་ཚ་ནས་ཕུལ།

《གླུ་སིལ་མ》རྩོམ་མཁན་ན་གཞོན་བརྒྱད་ལ་སྙིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ཁོང་ཚོའི་རྩོམ་རིག་གི་བྱ་བཞག་མུ་མཐུད་དུ་གོང་ནས་གོང་དུ་འཕེལ་བའི་སྨོ་འདུན་ཞུ་བཞིན་ཡོད།

མཁའ་མོ་རྒྱལ་གྱིས་གནའ་མཁར་ཟི་ལིང་ནས་གུས་ཕུལ།

《གླུ་སིལ་མ》ཞེས་པའི་སྙན་ངག་གཅེས་བསྡུས་ཀྱི་དེབ་ནང་གི་སྙན་ངག་པ་རེ་འགའ་ངའི་དྲྭ་གྲོགས་རྙིང་བ་ཡིན་པས་ང་རང་ཁོང་ཚོའི་སྙན་ངག་ལ་ཆ་རྒྱུས་ཅུང་ཡོད། ཁོང་ཚོའི་སྙན་ངག་འབྲི་བའི་ཀུན་སློང་གཙང་ཞིང་བྲིས་པ་དག་ཀྱང་རང་གི་ཚོར་བ་དང་རྒྱབ་འགལ་དུ་མ་སོང་ཞིང་ཚིག་རྩལ་བཟང་བའི་བརྩམས་ཆོས་ཉིད་དུ་སྣང་།

ཐོ་ཡོར་གྱིས།

ན་ཚོད་ཀྱི་གླུ།
ང་ཚོ་ནི་ཕྱོགས་སོ་སོ་ནས་འདུས་པའི་སློབ་གྲོགས་སྐོར་ཞིག་ཡིན།
ང་ཚོ་ལ་ཡོད་པ་ནི་སྤོབས་པས་བསྩལ་བའི་འཕུར་སྐྱོད་ཀྱི་གཤོག་པ་ཟུང་ཡིན།
ང་ཚོ་ནི་སྡེབ་ཁ་འགྲིག་པའི་ནད་ཡམས་གནོན་པར་བྱེད་པའི་སྨན་སྦྱོར་ཞིག་ཡིན།
ནད་ཡམས་དེ་ནི་ཝུའུ་ཧན་ནས་མཆེད་པ་མ་ཡིན་པར་ང་ཚོའི་ནང་སེམས་ནས་མཆེད་པ་ཡིན།
ང་ཚོ་ནི་རུས་སྡེ་གཅིག་པའི་བཙན་པོའི་རྗེས་ཀྱི་བུས་པ་ཁྱུ་ཞིག་ཡིན།
ང་ཚོར་གཞན་ལ་མི་འཇིགས་པའི་དབྱངས་གསལ་གྱི་གོ་མཚོན་རྣོན་པོ་ཡོད།

ཕ་སྐད་མ་ཡིག་ལ་མྱ་ངན་གྱི་མུ་གེ་ཐེབས་པའི་ཐང་སྟོང་འདི་ནས། དབྱངས་གསལ་གྱི་གོ་མཚོན་ཐོགས་ཏེ་རང་གིས་རང་ཉིད་དུས་རབས་འདིའི་ཕ་སྐད་མ་ཡིག་གི་སྲུང་མར་དབང་བསྐུར་ཞིང་ ། དགྲ་མགོ་གནོན་པའི་ཨ་ལ་ཐ་ལའི་གླུ་ཞིག་ལེན། “སྙན་ངག སྙན་ངག”ཞེས་སྡིགས་དམོད་བོར་བའི་དུས་རབས་འདིའི་དཀྱོག་མཚམས་ནས། དབྱངས་གསལ་གྱི་རྒྱུད་དྲུག་བརྡུངས་ཏེ་ནང་སེམས་ཀྱིས་སྙེག་པའི་སྒེག་ལྡན་མའི་མཆུ་སྒྲོས་ལ་འོ་སྦྱོར་ཡང་ཡང་བྱས་ཏེ། བརྩེ་དུང་དང་ཆགས་སྡང་། ཞེ་སྡང་འབར་བའི་གླུ་རེ་ལེན། ཚ་བ་རྒྱས་པའི་སྐད་ཆ་དང་ཏོག་གསར་འགོས་པའི་བསམ་སྦྱོར་དང་བཀྱེད་ནས་ནང་སེམས་བསྙེག རང་དབང་གི་ཚོར་འདུའི་ལམ་ཕྲན་ནས་རྫས་དུད་ཀྱིས་མ་བསླད་པའི་བསམ་སྦྱོར་གྱིས་ཕྱི་ལྭ་ནང་ལྭ་གྱོན་མེད་པའི་སྐད་ཆ་གཙང་མ་རེ་ཨེ་ཤོད་ལ་འབད། ན་ཚ་དང་ཆམ་ནད་ཕོག་པའི་ཡུལ་འདི་ནས་“གཉིད་འདོད་ལ་སྔས་འགོ་འཇོག་པའི”དུས་ཀྱི་སྐྱོ་གར་ལ་ཡིད་ཐང་ཆད་པའི《གླུ་སིལ་མ》རེ་གཏོར།

《གླུ་སིལ་མ་》ནི་ལོ་རབས་དགུ་བཅུ་པའི་སྨད་ཀྱི་ན་གཞོན་སྐོར་ཞིག་གིས་ནང་སེམས་ཀྱི་སྐད་ཆ་དག་དབྱངས་གསལ་གྱི་མཚོན་ཆ་རྣོན་པོའི་དབལ་ཁ་རུ་བརྡར་ཏེ་ཕྱི་རུ་མངོན་སྟངས་ཤིག་དང་། བྱོལ་ཐབས་མེད་པར་སྐྱེལ་དགོས་པའི་མི་ཚེའི་སྐྱ་ཐིག་ནང་ནས་ཆགས་སྡང་གི་རྦ་རླབས་འཕྱུར་བཞིན་པའི་ན་ཚོད་ཀྱིས་བརྩམས་པའི་རབ་རིབ་མག་མོག་གི་གཏམ་རྒྱུད་དག དབྱངས་གསལ་གྱི་ཐགས་སུ་མཛེས་པར་བསྐྲུན་ཏེ་སྙིང་ཉེ་བའི་ཀློག་པ་པོ་རྣམས་ལ་སེམས་པ་གླན་སྟངས་ཤིག་ཀྱང་ཡིན།

མི་རིང་བར་སྙན་དེབ་འདི་དཔྱིད་ཀའི་ལྗང་མྱུག་དང་ལྷན་དུ་མཐོ་སྒང་གི་རྩྭ་ཐང་ཡངས་པོ་ནས་བཞད་ངེས།

བསྟོད།189

དཔྱད་མཆན་སྤེལ།