མི་ཚང་མ་ལོག་ལམ་དུ་ཁྲིད་འདུག

ཡུས་ཀྲུང་ཐེན་གྱིས་བརྩམས།
ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་བསྒྱུར།

01300000432220124835693512308

རྩོམ་པ་པོ་ངོ་སྤྲོད།

ཡུས་ཀྲུང་ཐེན། 1947/2/8ཉིན་སྐྱེས།   ཧུའུ་ནན་ཁྲང་ཧྲའི་མི་ཡིན། ལོ་རྒྱུས་རིག་པ་བ་དང་། རྩོམ་པ་པོ། དེང་རབས་མཁས་དབང་ཞིག་ཡིན།   སྤྱི་ལོ1981ལོར་བུའུ་ཧན་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན།   ཧྲའོ་ཧྲི་བསླབ་གནས་ལོན་པ་དང་སློབ་གྲྭ་དེ་གར་ཉར་ནས་དགེ་རྒན་གྱི་ལས་ཀ་གཉེར།    ད་ལྟ་ཞ་མིན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་གནས་སློབ་གླིང་རྒྱ་ཡིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་དང་།  འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་ཁུར་ཡོད།

 དངོས་གཞི།

ང་ནི་དཔེ་ཆ་ཁྲིད་མཁན་གྱི་བཟོ་བ་སྟེ། དགེ་རྒན་ཞིག་ཡིན། དེ་རིང་ཀྲུང་གོའི་སློབ་གསོའི་གནད་དོན་གླེང་བར་འདོད། ལོ་འགའི་སྔོན་དུ།   པེ་ཅིན་གྱི་དཔལ་འབྱོར་ལྟ་ཞིབ་ཚགས་པར་གྱི་གླེང་སྟེགས་ཞིག་གི་ཐོག་ཏུ། གཏམ་བཤད་གདན་ཞུའི་སྐུ་མགྲོན་གཅིག་ནི་སློབ་གསོ་བ་ཡང་ཏུང་ཕིན་རེད།
ངས་ཡང་ཏུང་ཕིན་ལ། ཀྲུང་གོའི་སློབ་གསོ་དང་རྐང་རྩེད་སྤོ་ལོ་གཉིས་ཀྱི་གང་ལ་རེ་བ་ཧ་ཅང་ཆེན་པོ་འདུག་ཅེས་དྲིས་པ་ཡིན། ཁོས་བསམ་བློ་ཡུན་རིང་བཏང་མཐར། ཕལ་ཆེར་སློབ་གསོ་རེད་ཟེར། ངས་རྒྱུ་མཚན་ཅི་རེད་དྲིས་པར།   ཁོས་རྐང་རྩེད་སྤོ་ལོར་རེ་བ་ཅི་ཡང་མེད་ན་མེད། སློབ་གསོར་རེ་བ་མེད་ན་མི་ཆོག་ཟེར།  གནད་དོན་གྱི་རྩ་བ་ནི། ང་ཚོས་བསམ་གཞིགས་བྱེད་དགོས་པ་ནི། ཀྲུང་གོའི་སློབ་གསོ་ཚད་མཐོ་བར་སླེབས་ཡོད་མེད་དང་། ཕྱོགས་ཡོངས་ནས་ང་ཚོའི་རྒྱལ་དམངས་ཀྱི་སྤུས་ཚད་མཐོར་འདེགས་སོང་ཡོད་མེད་ཡིན། འོན་ཀྱང་དེ་ལྟ་ངས་མཐོང་བ་ནི། ཀྲུང་གོའི་སློབ་གསོས་མི་ཡོངས་ཀྱི་ཀླད་པ་ཕམ་ཉེས་སུ་བཏང་བ་དེ་ཡིན། ཀྲུང་གོའི་སློབ་གསོ་དང་ཀྲུང་གོའི་རིག་གནས་གཉིས་ཀ་གཅིག་འདྲ་སྟེ། ཉམ་ཐག་རང་བཞིན་ཅན་རེད། ཕམ་ཉེས་ཀྱི་རྩ་བ་གང་ལ་ཐུག་པ་རེད་དམ། དེ་ནི་ང་ཚོས་སློབ་གསོར་གདེང་འཇོག་བྱེད་པའི་དམིགས་ཡུལ་དཔོན་སར་སྙེག་པ་དང་རུལ་སུངས་ལ་དགའ་བའི་རྐྱེན་རེད། གལ་ཏེ་ཁྱོད་ཀྱིས་ནོ་པེར་བྱ་དགའ་རེག་ན་ཧ་ཅང་བཟང་། མ་རེག་ན་ཡང་ཆོག འོན་ཀྱང་ཨོ་སི་ཐེ་(奥数)རྩིས་གཞི་འགྲན་བསྡུར་གྱི་བྱ་དགའ་མ་རེག་ན་མི་ཆོག འདི་ནི་དཔོན་སྙེག་རུལ་སུངས་ལ་དགའ་ཞིང་། ཁེ་ཕན་འཚོལ་བར་བྲེལ་བ། ཁེ་ཕན་མཐོང་ན་དྲིན་ལན་བརྗེད་པ་སྟེ། སློབ་གསོའི་རྩ་བའི་དམིགས་ཡུལ་བརྗེད་འདུག་པ་རེད།  འདི་ལྟ་བུའི་དཔོན་སྙེག་རུལ་སུངས་ཀྱི་ཚད་གཞིའི་མཇུག་འབྲས་ལ་སློབ་མ་མི་ཡི་སར་མི་འཇོག་པར། བུ་ཕྲུག་ཐམས་ཅད་འབྲུག་ལྟ་བུ་དང་། བུ་ཕྲུག་ཐམས་ཅད་ཤིང་སྡོང་ལྟ་བུ། བུ་ཕྲུག་ཐམས་ཅད་རྣོ་ལྕགས་ལྟ་བུར་འགྱུར་བར་འདོད། འབྲུག་ཅི་ཞིག་རེད། གཅན་གཟན་རེད། སྤྱོད་སྒོ་ཅན་ནི་ཤིང་སྡོང་རེད། རྣོ་ལྕགས་ནི་དངོས་རྫས་ཞིག་རེད། དེ་ནི་ཁྱོད་རང་གཅན་གཟན་དང་ཤིང་སྡོང་། རྣོ་ལྕགས་ཏུ་བསྒྱུར་འདོད་པ་ལས། མི་རུ་གཏོང་མི་འདོད་པ་རེད། དེང་སང་ཁ་ནས་མི་གཞི་རྩར་འཛིན་དགོས་ཞེས་ཅི་ལྟར་བཤད་ཀྱང་། དོན་དངོས་སུ་གཞི་རྩར་འཛིན་དགོས་པ་ནི་སློབ་གསོ་རེད། འོན་ཀྱང་ཀྲུང་གོར་མཚོན་ན། མི་གཞི་རྩར་འཛིན་པའི་ཁྱབ་ཁོངས་ནང་ཆེས་འོས་པ་ནི་མི་མི་རུ་མི་བརྩི་བ་དེ་ཡིན། ཁྱོད་ཀྱིས་ད་ལྟ་ང་ཚོའི་བྱིས་པ་ཚོའི་འཚོ་བར་ལྟོས་དང་ཅི་འདྲ་རེད། བརྙན་འཕྲིན་ལས་ཁུངས་ཞིག་གིས་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་ལྟར་ན། ཁྱོ་ཤུག་གཉིས་ཉིན་དཀར་བྱ་བ་བྲེལ་བ་ཆེ་བས། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སླེབས་པ་ན། བུ་ཕྲུག་གིས་ཨ་ཕ་དང་ཨ་མ་གཉིས་ཀྱིས་ཉིན་གཅིག་གི་དུས་ཚོད་སྤྱད་ནས་ང་དང་མཉམ་དུ་སྤྲོ་གསེང་རོལ་རྩེད་གླིང་དུ་སོང་ན་ཆོག་མིན་དྲིས། ཁྱོ་ཤུག་གཉིས་ཀྱིས་ཞག་གང་བོར་ཙིན་དབྱི་གྲོས་ཚོགས་ལྟ་བུ་ཞིག་འཚོག་ནས་གྲོས་བསྡུར་ཡང་ཡང་བྱས་མཐར། མ་འགལ་སོ་བཅིང་གིས་ཉིན་གཅིག་གི་དུས་ཚོད་ལ་བུ་ཕྲུག་དང་མཉམ་དུ་རོལ་རྩེད་གླིང་དུ་འགྲོ་རྒྱུ་ཐག་བཅད། རྩེ་མོ་དང་པོ་རྩེས་པས་བུ་ཕྲུག་ཀྱང་ཧ་ཅང་དགའ་བྱུང་། ཨ་མས། སྐྱིད་པོ་ཨེ་རེད། ཅེས་དྲིས།  སྐྱིད་པོ་རེད། དེས་ན་ཕྱིར་སོང་ན་ཁྱོད་ཀྱིས་རྩོམ་ཡིག་གཅིག་བྲིས་ན་ཆོག་པ་རེད། ཅེས་བཤད་མ་ཐག་བུ་ཕྲུག་གི་ངོ་གདོང་དེ་མ་ཐག་ཤོར་ཞིང་། ངོ་ལ་སྐྱོ་གདུང་གི་ཉམས་དང་བཅས་རྩེ་མོ་གཉིས་པར་ཞུགས། རྩེ་མོ་གཉིས་པ་ཚར་རྗེས་ཡང་ཨ་མ་ཐོན་ནས། རྩེ་མོ་གཉིས་པ་སྐྱིད་པོ་ཨེ་རེད། ཅེས་དྲིས། སྐྱིད་པོ་རེད། དེས་ན་ཁྱོད་ཀྱིས་ཕུལ་དུ་བྱུང་བའི་རྩོམ་ཡིག་ཞིག་འབྲི་ཆོག་པ་རེད། དེའི་མཚམས་བུ་ཕྲུག་གིས། ཨ་མ་ང་རྩེད་མོ་མི་རྩེ། ཅེས་བཤད། སོམས་དང་། ཉིན་གཅིག་ལ་བུ་ཕྲུག་རྩེད་མོ་རྩེ་བའི་དུས་ཚོད་ཀྱང་མ་སྤྲད་པར། རྩོམ་ཡིག་འབྲི་བའི་གནོན་ཤུགས་སྤྲོད། ཁ་ནས་བུ་ཕྲུག་གོམ་པ་དང་པོ་ནས་ཕམ་ཁ་མྱོང་དུ་འཇུག་མི་ཉན་ཞེས་འབོད་ཚིག་སྒྲོག་བཞིན་འདུག
དེས་ན་ངས་འདྲི་རྒྱུ་ཞིག་ལ། མི་ཚེའི་མཐའ་མཇུག་གི་ས་མཚམས་གང་ན་ཡོད། དུར་སྒམ་ནང་ཡིན་ནམ། དེ་བས་གོང་རིམ་ནས་འོག་རིམ་སྟེ། སློབ་གསོ་ཐིན་ནས་ཁྱིམ་བདག་གི་བར། ཚང་མས་བུ་ཕྲུག་འབྲུག་ལྟར་སྐད་གྲགས་ཅན་ཞིག་ཏུ་འགྱུར་བར་འདོད། དེ་བས་ངས་རང་གི་ལངས་ཕྱོགས་གསལ་བོར་བཤད་འདོད་པ་ནི། ངས་བློ་གྲོས་ཅན་ཁོ་ནར་དམིགས་པ་ལ་ངོ་རྒོལ་བྱེད་རྒྱུ། ཕུལ་བྱུང་རྩེར་སོན་གསོ་སྐྱོང་ལ་ངོ་རྒོལ་བྱེད་རྒྱུ། ལེགས་འགྲུབ་རིག་པ་ཟེར་བར་ངོ་རྒོལ་བྱེད་རྒྱུ། བུ་ཕྲུག་ཐམས་ཅད་ཡོན་ཏན་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་རྒྱུ།
ངའི་འབོད་ཚིག་ནི་དེ་རིང་གི་བརྗོད་སྙིང་སྟེ། བུ་ཕྲུག་ཐམས་ཅད་མི་རུ་འགྱུར་བར་བརྩོན་ལེན་བྱེད་དགོས། མི་ཅི་འདྲ་ཞིག ཚད་གཞི་ཡོད་དམ་ཟེར་ན། ཡིག་འབྲུ་བརྒྱད་ཡོད། བདེན་པ། བྱམས་སེམས། བདེ་ཐང་། སྤྲོ་སྣང་བཅས་ཡིན། ཐོག་མར་བདེན་པ་གླེང་བར་བྱ། མི་འགའ་རེ་འདི་ནི་དཔེ་མི་སྲིད། ད་ལྟའི་དུས་ཚོད་ལ་སྐད་ཆ་བདེན་པ་ལས་རྫུན་མི་བཤད་པ་མེད་ཟེར། ངས་སྲིད་ཅེས་བཤད་འདོད། རྒྱུ་མཚན་བདག་གི་བདེན་པའི་ཚད་གཞི་ནི་རྫུན་མི་བཤད་པ་དེ་ཡིན། མི་འགའ་རེས། དེས་ན་ཁྱོད་ཀྱིས་བཤད་པ་ཚང་མ་བདེན་པ་ཡིན་ནམ། ངས་བདེན་པ་ཡིན་ཅེས་བཤད་པ་ཡིན། ཁོས་འདི་ནི་དཔེ་མི་སྲིད། སྐད་ཆ་བདེན་པ་བཤད་ན་རང་གིས་ཕམ་ཁ་ཉོ་ཟེར། བདག་གིས་དེ་སླ་མོ་རེད། ཁྱོད་ཀྱིས་སྐད་ཆ་དེ་བཤད་ན་རང་གིས་ཕམ་ཁ་ཉོ་བར་བསམ་ན། ཁྱོད་ཀྱིས་སྐད་ཆ་དེ་མ་བཤད་ན་ཆོག་པ་རེད། ཁང་ཏི་ཡིས་མི་ཞིག་ཡིན་ན་སྐད་ཆ་བཤད་པ་ངེས་པར་དུ་བདེན་པ་ཡིན་དགོས། འོན་ཀྱང་ཁོ་ལ་བདེན་པ་ཡོད་ཚད་བཤད་པའི་འོས་འགན་མེད་ཅེས་གསུངས། དེ་བས་བདེན་པ་སྐྱོང་ལུགས་ཧ་ཅང་སླ་མོ་ཡིན། ཁྱོད་ཀྱིས་བདེན་པ་དེ་བཤད་མི་ཉན་པ་ཤེས་ཚེ། ཁྱོད་ཀྱིས་མ་བཤད། དེའི་རྗེས་ལ་རྫུན་ཡང་མ་བཤད། ལྷག་མ་ཚང་མ་ནི་སྐད་ཆ་བདེན་པ་རེད། འདི་ལ་བདེན་པ་ཟེར་བ་ཡིན།

གཉིས་པ་ནི་བྱམས་སེམས་ཡིན། བྱམས་སེམས་ཟེར་བ་ཁྱོད་རང་སྲང་བར་དུ་རྒྱུགས་ནས་གཞན་ལ་གཡོག་རྒྱུགས་ཟེར་བ་འམ། ལེ་ཧྥུང་ལ་སློབ་་སྦྱོང་བྱེད་པའི་ཉིན་རྒན་པོ་དག་སྐྱོར་ནས་འགྲོ་བ་ཡང་མིན། བྱམས་སེམས་ཀྱི་གནད་ནི་གཞན་ལ་སེམས་ཁུར་བྱེད་པ་དེ་ཡིན། གཞན་ལ་སེམས་ཁུར་བྱེད་པ་ནི་སེམས་ཀྱིས་མི་བཟོད་པ་སྟེ། མི་གཞན་ལ་ཉེས་མེད་དུ་སྡུག་བསྔལ་དང་གནོད་འཚེ་ཕོག་པར་སེམས་ཀྱིས་མ་བཟོད་པ་དང་། ཐ་ན་སྲོག་ཆགས་ཆུང་ངུ་ཞིག་ཡིན་ནའང་གཅིག་མཚུངས་ཡིན། དེ་བས་གཞན་ལ་གནོད་པ་མི་བྱེད་པ་མ་ཟད། སྲོག་ཆགས་ཆུང་ངུ་ལ་མནར་གཅོད་ཙམ་ཡང་མི་གཏོང་། ང་ཚོས། སྤྱི་དམངས་ཀྱིས་གཞན་ལ་སེམས་ཁུར་བྱེད་པ་དང་གནོད་པ་མི་བྱེད་པ་ལ་ཁྲིམས་ལུགས་ཀྱི་ཐོག་ནས་ཁག་ཐེག་ཡོང་བར་བྱེད་དགོས།

གསུམ་པ་ནི་བདེ་ཐང་ཡིན། ལུས་ཕུང་བདེ་ཐང་དང་སེམས་ཁམས་བདེ་ཐང་གཉིས་ཡིན་ལ། སེམས་ཁམས་བདེ་ཐང་ནི་མིའི་ལུས་ཕུང་བདེ་ཐང་ལས་ཀྱང་ཆེས་གལ་ཆེ་བ་ཡིན།

བཞི་བ་ནི་སྤྲོ་སྣང་ཡིན།    སྤྲོ་སྣང་ནི་ཧ་ཅག་གལ་ཆེ་བ་ཞིག་རེད། ཁུང་ཙིའི་གཞུང་ལུགས་ཀྱི་ཁྲོད་དུ། མི་བཟང་པོ་ཞིག་གི་ཆེས་མཐོའི་ས་མཚམས་ནི་བྱམས་བརྩེ་ཆེ་བ་ཡིན་ཞིང་། བྱ་བའི་ཁྲོད་ཀྱི་ཆེས་མཐོའི་ས་མཚམས་ནི་སྤྱང་གྲུང་འཛོམས་པ་ཡིན། ཤེས་ཡོན་གྱི་ཆེས་མཐོའི་ས་མཚམས་ནི་སྤྲོ་སྣང་ཡིན། མཁས་པ་ཡིན་ཡང་མི་བཟང་པོ་ལ་འགྲན་མི་ནུས་པ་ཡོད། མི་བཟང་པོ་ཡིན་ཡང་སྤྲོ་སྣང་ཅན་ལ་འགྲན་མི་ནུས། ཅེས་གསུངས་པ་ལྟར། སྤྲོ་སྣང་ནི་ཆེས་མཐོ་བའི་བདེ་སྐྱིད་ཡིན། དོན་དངོས་སུ་ཧ་ཅང་སླ་མོ་ཡིན། ལེགས་འགྲུབ་བྱུང་དང་མ་བྱུང་། དཔོན་སར་འདུག་ཐུབ་དང་མ་ཐུབ། ཕ་མེས་ཡང་མེས་ཀྱི་གཟི་བརྗིད་བརྩོན་ལེན་བྱེད་ཐུབ་དང་མ་ཐུབ་ཚང་མ་གལ་ཆེན་པོ་མ་རེད། ཆེས་གལ་ཆེ་བ་ནི་ཁྱོད་ཀྱི་སྣང་བ་སྤྲོ་མིན་རེད། ཁུང་ཙིས། ཟས་ཐུན་གཅིག་དང་བཏུང་ཆུ་དམ་བུ་གང་འཁྱེར་ནས་སྲང་ནས་ཉི་མར་ལྡེ། མི་ལ་འདང་རྒྱག་ཅི་ཡང་མེད། འདི་ལས་སྐྱིད་ཅིག་གང་ན་ཡོད། ཅེས་བཤད་པ་ལྟར། མཐའ་མཇུག་གི་དམིགས་ཡུལ་སྣང་བ་སྤྲོ་དགོས།

དཔེ་མཚོན་ཞིག་བཞག་ན།   དེང་སང་ཅིའི་ཕྱིར་དམག་རྟ་ཁྲི་ཡི་བདག་པོ་གཅིག་པུར་རྒྱུ་བ་རེད། ཚང་མས་གཞུང་ཞབས་པར་རྒྱུགས་སྤྲོད་བཞིན་འདུག བདག་སློབ་གྲྭ་ཆེན་མོ་བ་རྣམས་མཐར་ཕྱིན་རྗེས་གཞུང་ཞབས་པར་རྒྱུགས་སྤྲོད་པར་སྙིང་རྗེ་བྱུང་། སྤྱིར་བདག་འདི་ལ་འཐད་པ་མེད་ཀྱང་། བདག་གིས་ཁོ་ཚོར་ཧ་ཅང་བསམ་ཤེས་དང་སྙིང་རྗེ་བྱེད་ཐུབ། ཁོ་ཚོར་བདེ་འཇགས་ཀྱི་སེམས་ཚོར་མེད་པས་རེད། གྲོང་གསེབ་ནས་ཐོན་པའི་བྱིས་པ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ངས་ཀྱང་གཞུང་ཞབས་པར་རྒྱུགས་སྤྲོད་མི་འདོད། འོན་ཀྱང་བདག་གི་ཕ་མས་ང་ལ་སྤྲོད་དུ་བཅུག་པ་རེད། བདག་གི་ཕ་མས། བྱིས་པ། ཁྱོད་ཀྱིས་གཞུང་ཞབས་པར་རྒྱུགས་འཕྲོད་ཚེ། ང་ཚོས་སྡེ་བའི་ནང་བརྙས་བཅོས་མྱོང་མི་དགོས་ཟེར། ཁོ་ཚོར་དགོས་པ་ནི་བདེ་འཇགས་ཀྱི་ལས་གནས་ཡིན་པ་རེད། དེ་བས། ང་ཚོས་སྤྱི་ཚོགས་ཀྱིས་སྤྱི་དམངས་
རེ་རེར་བདེ་འཇགས་ཀྱི་གོ་སྐབས་འདང་ངེས་ཤིག་བསྐྲུནཔ་དང་། སྤྱི་དམངས་རེ་རེར་རང་གི་ལ་རྒྱ་ཡོད་པར་བྱེད་དགོས། ཁོ་ཚོས་ལས་རིགས་ཅི་ཞིག་གཉེར་ན་ཡང་། ཚང་མ་བདེ་འཇགས་ཀྱི་ལས་གནས་ཡིན་པ་དང་། ཚང་མ་ལ་རྒྱ་ཅན་གྱི་མི་ཡིན། འདི་ལྟར་བྱས་ན་ད་གཟོད་ཁོ་ཚོས་སྤྲོ་སྣང་གིས་འཚོ་བ་རོལ་ཐུབ།

འདི་ནི་ངས་ཀྲུང་གོའི་སློབ་གསོར་བཅངས་པའི་རེ་བ་ཡིན། ངའི་རེ་བར་ཀྲུང་གོའི་སློབ་གསོས་ང་ཚོའི་བྱིས་པ་རེ་རེ་དང་། ཀྲུང་གོའི་བཅོས་བསྒྱུར། ཀྲུང་གོའི་སྤྱི་ཚོགས་ཀྱིས་ང་ཚོའི་སྤྱི་དམངས་རེ་རེ་དངོས་ཡོད་ལ་བདེན་པ་དང་། བྱམས་སེམས་ཅན། བདེ་ཐང་གི་མི། སྤྲོ་སྣང་ལྡན་པའི་མི་ཞིག་ཏུ་འགྱུར་རྒྱུ་འདི་ནི་ངའི་ཀྲུང་གོའི་ཕུགས་འདུན་ཡིན་ནོ།།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།9

དཔྱད་མཆན་སྤེལ།