སྐྱེས་མའི་ནང་སེམས་ཀྱི་རེ་དོགས།

444444

སི་ཐེ་ཝེ•ཧར་བེས་བརྩམས།
སྒོ་ཡོན་གྱིས་བསྒྱུར།

སྒྱུར་མཁན་གྱི་གཏམ། 

སྐུ་ཞབས་སི་ཐེ་ཝེ•ཧར་བེ(Steve Harvey)ལགས་ནི་ཨ་རིའི་འཁྲབ་སྟོན་མཁན་ཞིག་ཡིན་པ་མ་ཟད།  མདོ་འཛིན་མཁན་གྲགས་ཅན་ཞིག་ཀྱང་རེད།   ཁོང་གིས་ལོ་དུ་མའི་རིང་ལ་བརྙན་འཕྲིན་གྱི་བརྒྱུད་ལམ་དང་འགྲོགས་ཏེ། ཐད་གཏོང་ལེ་ཚན་སྒྲུབ་སྐབས་སྐྱེས་མ་ཚོར་ཁ་བརྡ་སྣ་ཚོགས་བྱས་པའི་འབྲས་བུར།

«སྐྱེས་མ་དང་མཚུངས་པར་བྱ་བ་རྩོམས།  སྐྱེས་པ་དང་མཚུངས་པར་བསམ་བློ་ཐོངས»(Act like a lady, think like a man)ཞེས་པའི་དཔེ་དེབ་ཅིག་བརྩམས་གནང་མཛད་ཅིང་།   རྩོམ་པོད་དེར་སྐྱེས་པ་དང་སྐྱེས་མའི་ནང་སེམས་ཀྱི་འཇིག་རྟེན་དང་ཕྱི་ཚུལ་གྱི་རྣམ་འགྱུར་མང་བོར་འགྲེལ་བརྗོད་སྣ་ཚོགས་བརྒྱབ་འདུག   གཤམ་གྱི་དྲི་བ་དྲིས་ལན་དེ་དག་ནི།  ཁོང་གི་དཔེ་དེབ་གང་གི་ལེའུ་བཅོ་ལྔ་བ་ལས་ལེགས་བདམས་ཀྱིས་བོད་ཡིག་ཏུ་གོ་བདེར་བསྒྱུར་བའོ།  །

 

དྲི་བ།  སྐྱེས་པ་ཚོ་ཤ་རྒྱགས་པ་དང་ཤ་རིད་པའི་སྐྱེས་མའི་རིགས་གང་ལ་དགའ་བོ་ཡོད་དམ།

དྲིས་ལན།  སྐྱེས་པ་ཚོ་སྐྱེས་མའི་རིགས་གང་ལའང་དགའ་བོ་ཡོད་དེ།   ཁ་ཅིག་ནི་ཤ་རྒྱགས་པའི་རིགས་དང་།  ཁ་ཅིག་ནི་ཤ་རིད་པའི་རིགས་ལ་སྤྲོ།   ད་དུང་ཁ་ཅིག་དེ་གཉིས་ལས་གཞན།  གཟུགས་པོ་འོས་འཚམས་ཡིན་པའི་རིགས་ལའང་དགའ་བོ་བྱེད་ཀྱི་ཡོད། གང་ལྟར།  ཁྱོད་ཀྱི་གཟུགས་པོ་ག་འདྲ་ཡིན་ཡང་རུང་སྟེ།   ཁྱོད་ཀྱིས་རང་ཉིད་ལ་དགའ་བའི་སྐྱེས་པ་ཞིག་ངེས་པར་རྙེད་ཐུབ།

དྲི་བ།  སྐྱེས་པས་ཐ་མག་སྤྱོད་པའི་སྐྱེས་མ་ཞིག་ལ་དུས་བཏབ་དང་།  ཡང་ན་གཉེན་སྒྲིག་བྱ་སྲིད་དམ།

དྲིས་ལན།   བྱ་སྲིད་པ་མ་རེད།    ཐ་མག་མི་སྤྱོད་པའི་སྐྱེས་པ་ཚོས་དེ་བས་ཀྱང་བྱ་མི་སྲིད།      སྤྱིར་བཏང་ཐ་མག་སྤྱོད་པའི་སྐྱེས་མའི་པགས་པ་དུས་ཐུང་ནང་རྒས་སླ་བོ་ཡོད་ལ།   དེ་བས་ཀྱང་ཚབས་ཆེ་ཤོས་ནི།  ནམ་རྒྱུན་ཁོ་མོ་ཚོའི་ནང་སེམས་ལ་རྒས་པའི་ཉམས་སྣང་ཡོང་གི་ཡོད། ངས་བལྟས་ན།    ཐ་མག་སྤྱོད་པའི་སྐྱེས་མ་གང་གི་སྤྱོད་ཚུལ་གྱིས།  ཁོ་མོ་རང་ཉིད་ཀྱི་བདེ་ཐང་ལ་དོ་ཁུར་བྱེད་ཀྱི་མེད་པ་མཚོན་ཞིང་།   དེ་ལྟར། རང་ཉིད་ཀྱི་བདེ་ཐང་ཙམ་ལའང་དོ་ཁུར་མི་བྱ་བའི་སྐྱེས་མ་ཞིག་གིས།  རང་གི་ཁྱོ་ཕོ་དང་བུ་ཕྲུག་གི་བདེ་ཐང་ལ་དེ་བས་ཀྱང་དོ་ཁུར་བྱ་མི་སྲིད།  ཐ་མག་མི་སྤྱོད་པའི་སྐྱེས་པ་ཞིག་གིས་ཐ་མག་སྤྱོད་པའི་སྐྱེས་མ་ཞིག་བརྩི་འཇོག་བྱ་ཁག་པོ་ཡོད་ལ།  ལྷག་ཏུ་དུས་ཡུན་རིང་བོར་བཟོད་སྒོམ་བྱ་དཀའ།     གལ་ཏེ་སྐྱེས་པ་དེ་ཉིད་ཁོ་མོ་དང་མཉམ་དུ་ཉལ་བོ་བྱ་སྲིད་ཀྱང་།    ཁོ་མོ་ཁྲིད་ནས་རང་གི་ཕ་ཡུལ་ལ་ལོག་པའི་དཔེ་མེད།

དྲི་བ།   སྐྱེས་མ་གླེན་མ་དང་མཉམ་དུ་སྐྱེས་པས་དུས་གདབ་བྱ་སྲིད་དམ།

དྲིས་ལན།  བློ་རིག་གསལ་བའི་སྐྱེས་པ་ཞིག་ཡིན་ཚེ།  སྐྱེས་མ་གླེན་མ་ཞིག་ལ་སེམས་གཏིང་ནས་དུས་གདབ་བྱ་མི་སྲིད།    འོན་ཀྱང་།    ཁོ་མོ་བེད་སྤྱོད་བྱ་སྲིད་ལ།   ཁོ་མོ་དང་མཉམ་དུ་ཉལ་བོ་ཡང་བྱ་མོད།   ཁོ་མོ་དང་གཉེན་སྒྲིག་གཏན་ནས་བྱ་མི་སྲིད།

དྲི་བ།     སྐྱེས་པས་སྐྱེས་མའི་བྱ་བ་ལ་རོགས་རམ་བྱ་སྲིད་དམ།

དྲིས་ལན།   དེ་ནི་ལོས་ཀྱང་བྱ།    གལ་ཏེ་སྐྱེས་པ་གང་གི་འཚོ་བར་ཡར་ཐོན་སོང་མེད་པའམ།   ཁོ་པའི་ཐོབ་ཐང་དང་སྡོད་གནས།  ཡོང་སྒོ་རྣམས་ཀྱིས་ད་དུང་ཁོ་རང་གི་ཡིད་ཚིམ་གྱི་མེད་ཚེ།    གཅིག་བྱས་ན་ཁྱོད་ཀྱི་བྱ་བར་སེམས་ཁུར་ཆེན་པོ་བྱ་མི་སྲིད་ཀྱང་ཐང་།   རྒྱུ་མཚན།   ཁོ་རང་ཉིད་ཀྱི་བྱ་གཞག་ཡར་ཐོན་ལ་བྲེལ་བ་ཆེ་བས་རེད། གལ་ཏེ་སྐྱེས་པ་གང་དེར་གཏན་ཁེལ་ཆོག་པའི་འཚོ་བའི་རྨང་གཞི་དང་བྱ་གཞག་བཟང་བོ་ལྡན་ཚེ།   ཁོ་པས་ངེས་པར་དུ་ནུས་ཤུགས་གང་ཡོད་ཀྱིས་ཁྱོད་ལ་རོགས་རམ་བྱ་ངེས།

དྲི་བ།    གལ་ཏེ་ལས་ཀ་མེད་པའི་སྐྱེས་མ་ཞིག་ཡིན་ཚེ།   སྐྱེས་པས་དེར་དོ་སྣང་བྱ་སྲིད་དམ།

དྲིས་ལན།   ད་ལྟའི་དུས་ཀྱི་ཁྱིམ་ཚང་མང་ཤོས་ཀྱི་ངོས་ནས་བཤད་ན།   དེ་ནི་དོ་སྣང་བྱ་དང་མི་བྱའི་གནད་དོན་ཞིག་མ་རེད།  ཅིའི་ཕྱིར་ཞེ་ན།   དེང་རབས་ཀྱི་འཚོ་བའི་གནོན་ཤུགས་ཉིན་རེ་བས་ཉིན་རེར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས།   མི་ཀུན་ཀྱིས་ཀྱང་ལས་ཀ་བཙལ་ནས་འཚོ་དངུལ་གསོག་དགོས་ཀྱི་ཡོད། གལ་ཏེ་བྱ་གཞག་གི་སྟེང་ནས་རྒྱལ་ཁ་ཐོབ་ཡོད་པའི་སྐྱེས་པ་ཞིག་ཡིན་ཚེ།   ཁྱིམ་ཚང་གི་དགོས་འདུན་ཐམས་ཅད་ལེགས་འགྲུབ་བྱུང་ཡོད་པས།   དེ་ལྟ་བུའི་སྐྱེས་པ་གང་གིས་སྐྱེས་མར་ལས་ཀ་ཡོད་མེད་ཐད་དོ་སྣང་གང་ཡང་མི་བྱ།

དྲི་བ།    སྐྱེས་པས་འཁྲིག་པ་སྤྱད་རྗེས།  ཅིའི་ཕྱིར་ཕན་ཚུན་འཁྱུད་འཐམ་ལ་མི་སྤྲོ་བ་རེད།

དྲིས་ལན།     དེ་ནི་ཁོ་རང་ཤིན་ཏུ་ངལ་བ་མ་ཟད།   དེའི་ཁར་རབ་ཏུ་དྲོ་བས་ཀྱང་རེད།   དེ་བས།   ཁོ་ལ་མཁོ་བ་ནི་ངལ་གསོ་ཡུད་ཙམ་བྱ་དགོས་པའོ།  །

དྲི་བ།   གལ་ཏེ་ཁོ་དང་མཉམ་དུ་ཉལ་བོ་བྱེད་སྐབས་ཁོ་མོའི་འདོད་པ་ཚིམ་པོ་མ་བྱུང་ཚེ།  ཇི་ལྟར་བྱས་ནས་ཁོར་གསལ་བཤད་དགོས་ཀྱི་ཡོད།

དྲིས་ལན།    འདི་ནི་ཤིན་ཏུ་གཟབ་ནན་དགོས་པ་ཞིག་ཡིན།    གལ་ཏེ་ཁོའི་འདོད་རྩལ་ལ་ཁྱོད་རང་དོགས་གནད་ཡོད་པ་ཚོར་ཚེ།   ཁོ་རང་ཤིན་ཏུ་འཚབ་སྲིད་པ་མ་ཟད།    འདོད་བདེར་རོལ་བའི་རང་རྟོན་ཡང་ཉམས་ཞན་དུ་འགྲོ་ངེས།
དེ་བས།   ཁྱོད་ཀྱིས་ཐེངས་རྗེས་མར་ཁོ་དང་མཉམ་དུ་འཁྲིག་པ་སྤྱོད་སྐབས།   འཇམ་པོའི་ངག་གིས་གནད་དོན་གང་ཉིད་སེལ་ཐབས་ལ་འབད་དགོས་ཏེ།  དཔེར་ན།  “ང་རང་ཁྱོད་ཀྱིས་འདི་ལྟར་སྤྱོད་པར་དགའ་བོ་ཡོད”དང་། ཡང་ན། “འདི་ལྟར་བྱས་ན་སྐྱིད་པོ་འདུག  དེ་བས་ཀྱང་།  ང་རང་དེ་ལྟར་སྤྱོད་པར་དགའ་བོ་འདུག”ལྟ་བུའི་ཐབས་ལ་བརྩོན། ཁོས་ཁྱོད་ཀྱི་ངག་བཀོད་བཞིན་འཁྲིག་ལས་བྱ་སྲིད་དེ།  དེ་ནི་ཁོའི་སེམས་གཏིང་ནས་ཁྱོད་རང་སྐྱིད་པོ་འོང་བར་འདོད་པས་སོ།  །

དྲི་བ།  གལ་ཏེ་ཁོ་རང་ཁོ་མོའི་ཁྱིམ་མི་ལ་དགའ་བོ་མེད་ཚེ།  ད་དུང་ཁོ་མོ་དང་མཉམ་དུ་འགྲོག་སྲིད་དམ།

དྲིས་ལན།    གལ་སྲིད་ཁྱོད་ཀྱི་སེམས་ཁོང་དུ་ཁོ་རང་བས་ཀྱང་ཁྱིམ་མི་གལ་ཆེན་རང་བཞིན་ལ་གནས་ཚེ།   ཁོ་རང་ངེས་པར་དུ་ཁྱོད་དང་ཁ་བྲལ་སྲིད།

དྲི་བ།   ཟ་མ་བཟོ་མི་ཤེས་པའི་སྐྱེས་མའི་རིགས་ལ་སྐྱེས་པ་དགའ་བོ་ཡོད་དམ།

དྲིས་ལན།  གལ་སྲིད་ཁྱོད་ཀྱིས་ཁོའི་སེམས་ཚོར་བསློག་ཐུབ་ཚེ།     མིག་སྔར་ཟ་མ་བཟོ་མ་ཤེས་ཀྱང་སྐྱོན་ཡོད་པ་མ་རེད།དེ་ནི་ལོས་ཀྱང་སྟེ།    གལ་སྲིད་ཁྱོད་ཀྱིས་ཟ་མ་བཟོ་ཤེས་ཚེ།   ཁོ་རང་སྔར་བས་ཀྱང་ཁྱོད་ལ་དགའ་བོ་ཡོད།

དྲི་བ།     གལ་ཏེ་ང་ལ་གཞན་པའི་གྲོགས་པོ་ཕོ་སྐྱེས་ཤིག་ཡོད་ཚེ།   ཁོ་རང་ཁོང་ཁྲོ་ལངས་སྲིད་དམ།

དྲིས་ལན།   གལ་ཏེ་ཁྱོད་གཉིས་གཉེན་སྒྲིག་ཟིན་པའམ།   ཡང་ན་སྒེར་གྱི་མཛའ་བརྩེའི་འབྲེལ་བ་ཟབ་མོ་ཆགས་ཚར་རྗེས།   ཅི་ཐུབ་ཀྱིས་སྐྱེས་པའི་རིགས་ཀྱི་གྲོགས་པོའི་འགྲོ་འོང་ཉུང་ཐབས་ལ་འབད་ན་དགའ་སྟེ།   དེ་ལྟ་མིན་ཚེ།   མི་རིང་བར་དོན་དག་འབྱུང་ངེས་ཡིན།  ཁྱོད་ཀྱིས་འདི་ལྟར་བསམ་གཞིག་བྱོས་དང་།   གལ་སྲིད་ཁོས་གྲོགས་པོ་མོ་སྐྱེས་ཤིག་ལ་རྟག་ཏུ་འབྲེལ་བ་བྱེད་ཀྱི་ཡོད་ཁར།   ནམ་རྒྱུན་ཕན་ཚུན་འགྲོ་འོང་གི་ཟམ་མ་ཆད་ཚེ།   ཁྱོད་ཀྱི་སེམས་ཁམས་ག་འདྲ་ཡིན་སྲིད།   །

 

༠༧.༠༣.༠༡༤ལ་བསྒྱུར་གྲུབ།
༢༧.༠༢.༠༡༥ལ་བཅོས་གྲུབ།

34

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།3

དཔྱད་མཆན:

དཔྱད་མཆན 4 ཡོད། སྐུ་མགྲོན: 4 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. བོད་གཞུག་སྐྱིད།
    བོད་གཞུག་སྐྱིད།སྤེལ་དུས་ནི།  

    དངོས་གནས་ཡག་པོ་བསྒྱུར་འདུག སློབ་སྦྱོང་བྱས་ཟིན། ཐུགས་རྗེ་ཆེ།

  2. སྒོ་ག་བུར།
    སྒོ་ག་བུར།སྤེལ་དུས་ནི།  

    ང་ནི་ནམ་རྒྱུན་ཁྱོད་ཀྱི་དྲྭ་བའི་སྒོ་ལམ་ན་རྣ་བ་གཏད་དེ་ཉན་མཁན་གྱི་ཤེས་བྱའི་སློང་མོ་བ་ཞིག་ཡིན།

  3. ཀུན་བཟང་རྡོ་རྗེ།
    ཀུན་བཟང་རྡོ་རྗེ།སྤེལ་དུས་ནི།  

    འདོད་བདེ་སྤྱོད་པ་ནི་བཟའ་མི་འཆམ་མཐུན་གྱི་ཐབས་ལམ་ཡག་ཤོས་ཤིག་ཡིན་པས་འདིའི་སྐོར་གྱི་ཤེས་བྱ་ཤེས་དགོས་འདུག མཚན་མ་བཅིང་གྲོལ་མ་བྱུང་བའི་བོད་པའི་གནས་སྟངས་སུ་ཤེས་བྱ་འདི་དག་ནི་དགོས་ངེས་ཤིག་ཏུ་ཟད།

དཔྱད་མཆན་སྤེལ།