རྒྱལ་ནང་གི་ཆེད་མཁས་པའི་གཏམ་བཤད་གྲགས་ཅན་གནད་བསྡུས།

1018470_5795

ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་བསྒྱུར།

1: ཚོགས་ཆེན་གཉིས་ཀྱི་སྐབས་སུ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཛམ་གླིང་མཁའ་རླུང་སྤུས་ཀ་ཆེས་བཟང་པོའི་གྲོང་ཁྱེར་ཨང་རིམ་ཁྲོད་དུ། ཀྲུང་གོའི་མཁའ་རླུང་སྤུས་ཀ་ཆེས་བཟང་པོའི་མཚོ་ཁུག་གྲོང་ཁྱེར་ལྡོག་གྲངས་ཨང་༢༧༣ཡིན་པའི་ཡིག་ཆ་དེ་ཕར་གཡུགས་ནས་བཤད་རྒྱུར། ཅི་ཞིག་གི་འཆམ་མཐུན་སྤྱི་ཚོགས་དོ་དམ། ཅི་ཞིག་གི་རྩ་འཛིན་དོ་དམ། གནད་འགག་གི་མཁའ་རླུང་དང་བཟའ་ཆས།ཐ་ན་བཏུང་ཆུ་ཡང་བདེ་འཇགས་མིན་པས། བདེ་སྐྱིད་ཀྱི་ཚོར་བ་གླེང་རིན་མེད་དོ།།

2: བུའུ་ཅིན་ལན་གྱིས། 1990་ལོར་ཀྲུང་གོའི་དངུལ་ལོར་སྤྱིའི་བསྡོམས་གྲངས་ནི་དུང་ཕྱུར་ཁྲི་1.53ཡིན་པ་དང་། 2011ལོར་དངུལ་ལོར་སྤྱིའི་བསྡོམས་གྲངས་ནི་དུང་ཕྱུར་ཁྲི་89.56ཡིན། ལོ་21གི་ནང་དུ་ལྡབ་58.53འཕར། ཨ་རིའི་དངུལ་ལོར་སྤྱིའི་བསྡོམས་གྲངས་དུས་མཉམ་དུ་ལྡབ་1.99ལས་མ་འཕར། འདི་ལྟར་ཚད་ལས་བརྒལ་བའི་དངུལ་ལོར་སླ་གཏོང་གིས་དམངས་ཡོངས་ཀྱི་རྒྱུ་ནོར་འཇུ་བ་ནི། མངོན་སུམ་འཛེམ་མེད་ཀྱི་འཕྲོག་བཅོམ་ཞིག་རེད།

3: རིན་ཀྲིས་ཆང་གིས། རྒྱབ་ཁབ་ཞིག་སྟོབས་དང་དཔལ་ཡོན་ལྡན་པ་ཞིག་ཡིན་མིན་ནི་རྒྱལ་ཁབ་གང་དེའི་སྲིད་གཞུང་གིས་ཇི་ལྟར་རྒྱལ་ནང་གི་སྤྱི་དམངས་ལ་འཛིན་པའི་རྣམ་འགྱུར་ལ་བལྟས་ན་ཤེས་ཐུབ་པ་རེད། སྲིད་གཞུང་གིས་ཚ་བོ་ནང་བཞིན་རང་གི་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སྲི་ཞུ་སྒྲུབ་པའི་རྒྱལ་ཁབ་ཁག་ནི། རྒྱལ་སྤྱིའི་སྟེང་དུ་ཕལ་ཆེར་སྤོ་བོ་བྱེད་མཁན་རེད། སྲིད་གཞུང་གིས་སྤོ་བོ་ནང་བཞིན་རང་གི་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཉའ་གནོན་བརྙས་བཅོས་བྱེད་པའི་རྒྱལ་ཁབ་ཁག་ནི། རྒྱལ་སྤྱིའི་སྟེང་ཕལ་ཆེར་ཚ་བོ་བྱེད་མཁན་ཡིན་ནོ།།

4: ལོ་108ལ་བུད་པའི་ཀྲུག་ཡིག་ཀོང་གིས། ང་ནི་ཆིན་རྒྱལ་རབས་ཀྱི་དུས་མཇུག་དང་། པེ་དབྱང་དམག་ཤེད་ཅན་དུས་སྐབས། ཀྲུང་ཧྭ་མི་སེར་རྒྱལ་ཁབ། མའོ་ཙེ་ཏུང་གི་དུས་རབས། ཏིང་ཞའོ་ཕིན་གྱི་དུས་རབས་བཅས་བརྒྱུད་མྱོང་བ་ཡིན། ལོ་རྒྱུས་ཀྱི་དུས་སྐབས་ལྔ་བོ་རིག་གནས་འཕེལ་རིམ་གྱི་ཐད་ནས་བལྟས་ན། ཆེས་བཟང་བ་ནི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་རེད། རྒྱལ་ཁབ་ཀྱི་མི་དམངས་ལ་བློ་སྟོབས་ཡོད། དམངས་ཚོགས་ལ་རིག་གནས་ཡོད། སློབ་གསོའི་ལས་རིགས་ཁྲོད་དུ་ཕུལ་དུ་བྱུང་བའི་རིག་གཞུང་གྲུབ་འབྲས་ཡོད། སྤྱི་ཚོགས་སྟེང་དུ་སྨྲ་བརྗོད་རང་དབང་ཡིན་ཞིང་། དགེ་རྒན་གྱིས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་སྐྱོང་ཐུབ། ད་ལྟ་བཤད་བཞིན་པའི་སློབ་དཔོན་ཆེན་མོ་ནི། ཚང་མ་དུས་སྐབས་དེར་བྱུང་བ་རེད།

5: ཀྲང་ཁང་ཁང་གིས། ཧ་ལམ་ཁྱོད་ཀྱིས་ཚགས་པར་མང་པོ་ལ་གཟིགས་ཚར་བ་ཡིན་ཙང་། དོན་དངོས་སུ་ཁྱོད་ཀྱིས་ཚགས་པར་རིགས་གཅིག་མ་གཏོགས་གཟིགས་མེད། ཧ་ལམ་ཁྱོད་ཀྱིས་གྲངས་མེད་པའི་སྐད་ཆ་ཐོས་ཡོད་ཙང་། དོན་དངོས་སུ་ཁྱོད་ཀྱིས་སྐད་ཆ་རིགས་གཅིག་མ་གཏོགས་ཐོས་མེད། ཧ་ལམ་ཁྱོད་ཀྱིས་དྲིས་ལན་གྲངས་མེད་པ་ཞིག་ལ་འདང་ཕོག་ཡོད་ཙང་། དོན་དངོས་སུ་ཁོ་ཚོས་ཁྱོད་ལ་དྲིས་ལན་གཅིག་མ་གཏོགས་མི་སྟེར།

6: ཀྲུང་དབྱང་ཏང་གི་སློབ་གྲྭའི་ཅའོ་ཧྲིག་བང་ཀའེ་ཞུག་གིས། རྒྱལ་ཡོངས་དམངས་ཆེན་འཐུས་མིའི་ཁྲོད་བརྒྱ་ཆའི70ནི་ཕྱོོགས་སོ་སོའི་ཏང་སྲིད་རིམ་པའི་དཔོན་རིགས་ཡིན། ལྷག་མའི་བརྒྱ་ཆའི30ནང་། མང་ཆེ་བ་ནི་ཁེ་ལས་ཆེ་ཁག་དང་། ཡང་ན་ཀུང་སིའི་ལས་འཛིན་འགོ་གཙོ་དང་སྤྱི་གཉེར་བ་ཡིན། འདི་ལྟ་བུའི་མི་དམངས་འཐུས་མིའི་ཚོགས་ཆེན་ནི། རྒྱལ་ཡོངས་དཔོན་རིགས་ཚོང་ལས་འཐུས་མིའི་ཚོགས་ཆེན་ཞེས་བསྒྱུར་ན་འོས།

7: ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཨ་རི་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཙུ་ཀྲུང་ཙིན་གྱིས། ཆིན་ཧྭ་སློབ་ཆེན་ནི་དཔོན་ཆེན་ཞིག་དང་མཚུངས་པར་རྒྱུ་ངོ་ལ་ཧ་ཅང་ལྟ། དབང་ཆ་དང་རྒྱུ་ནོར་ཚང་མ་བསྡུ་རུབ་བྱས་འདུག ཀྲུང་གོའི་སློབ་གྲྭ་མིང་གྲགས་ཅན་གྱི་ཁ་གཡང་ལ་བརྟེན་ནས་གནམ་འོག་གི་བློ་གྲོས་ཅན་བསྡུས་ཀྱང་མཐའ་མར་བརླག་པ་ནི་རྒྱུ་འབྲས་མེད་པ་ཞིག་གོ། ཆིན་ཧྭ་ཡིས་ལོ་དྲུག་ཅུ་ནང་རྒྱལ་ཁབ་ལ་དགེ་རྒན་ཆེན་མོ་གཅིག་གསོ་བའི་བྱས་རྗེས་བཞག་མེད་པ་རེད། ཀྲུང་གོའི་གནད་དོན་ཡོངས་སུ་རྫོགས་པའི་ནང་། སློབ་གསོའི་གནད་དོན་ནི་ཧ་ཅང་ཉེན་ཚབས་ཆེ། བྱིས་སྐྱོང་ཁང་ནས་བཟུང་ཏེ་སྤེལ་བ་ནི་ཚང་མ་མི་གསོད་པའི་གསར་བཏོད་རང་བཞིན་གྱི་དྲན་རིག་རྒོད་པོར་འཁྲིད་པའི་ཐལ་མཐའི་ཁེ་ཕན་རིང་ལུགས་པ་རེད། ཀྲུང་གོའི་སློབ་གསོར་བསྒྱུར་བཅོས་མ་བྱས་ཚེ། མི་ཚང་མའི་བཟང་སྤྱོད་མཐའ་དག་ཉམས་པར་འགྲོ་ངེས་རེད།

8: པེ་ཅིན་སློབ་ཆེན་གྱི་ཅའོ་ཧྲིག་ཆིན་ལི་ཆིན་གྱིས། ང་ཚོའི་སློབ་གྲྭ་ཆེན་མོ་སྟེ། པེ་ཅིན་སློབ་ཆེན་ཡང་ཐེ་བའི་སློབ་ཆེན་གྱིས། ད་ལྟ་སྤུས་དག་གི་ཁེ་ཕན་རིང་ལུགས་པ་སྐོར་ཞིག་གསོ་སྐྱོང་བྱེད་བཞིན་འདུག ཁོ་ཚོར་སྤྱང་གྲུང་འཛོམས་པ་དང་། འཇིག་རྟེན་པའི་ལུགས་ལ་མཁས། བསམ་བློ་རྒས་སོང་ཆགས་ཤིང་འཁྲབ་སྟོན་བྱེད་པར་མཁས། ཇི་ལྟར་མཐུན་སྦྱོར་བྱེད་པ་ཡང་ཤེས།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།9

དཔྱད་མཆན་སྤེལ།