ལོ་ན་དགུ་ལ་སོན་པའི་སློབ་མ་ཞིག་གི་གཏམ་བཤད།


333 ན་བུན་གྱིས་བསྒྱུར།

“བདག་གིས་རང་ཉིད་ནི་ཤེས་ཡོན་གྱི་ཁོ་ལག་རྫོགས་པའི་ན་ཆུང་བུ་མོ་ཞིག་ཏུ་རློམ། རང་གཞུང་གི་ཡིག་ཚད་དཔྱད་ཞིབ་ (FSA) ལྟར་ནའང་། བདག་གི་མི་ལོ་ལྔའི་རིང་གི་སློབ་སྦྱོང་ལ་གྲུབ་འབྲས་མི་དམན་པ་ཐོབ་ཅིང་། ད་ལོའི་ཡིག་ཚད་དཔྱད་ཞིབ་ཀྱིས་ནི་གུས་མོ་ཨང་རྩིས་ཤིག་ལྟར། སློབ་སྦྱོང་གི་ལེགས་ཉེས་ཀྱང་ཨང་རྩིས་ཀྱི་སྟེང་ནས་ཐག་གཅོད་བྱས་ལ། སླད་ཀྱི་སྦྱོང་འབྲས་ཅི་ལྟ་བུ་ཞིག་འཐོབ་མིན། སློབ་མཐར་ཕྱིན་ན་མ་གཏོགས། གུས་མོ་རང་ཉིད་དམ་དགེ་རྒན་སུས་ཀྱང་དཔག་ཐབས་བྲལ།

ལར་ཡིག་ཚད་དཔྱད་ཞིབ་ཁོ་ནས་བདག་གི་སློབ་སྦྱོང་གི་གྲུབ་འབྲས་འཁྲུལ་མེད་དུ་བསྙད་པར་དཀའ་ཞིང་། ཡིག་རྒྱུགས་ཀྱི་ཐོབ་ཆ་འབའ་ཞིག་ལ་བརྟེན་ནས་བདག་གི་ཡོན་ཚད་དང་འཇོན་ནུས་ཡོངས་སུ་དཔག་མི་ཐུབ་པར་བདག་གིས་འདོད་དོ།

རྒྱུ་མཚན་ནི་འདི་ལྟར་མཐོང་སྟེ། གཅིག ད་ལོའི་ཡིག་ཚད་དཔྱད་ཞིབ་ཀྱིས་གཏན་ལ་ཕབ་པ་ལྟར། སོ་སོའི་ཕ་མ་དང་ལྷན་དུ་ཡིག་རྒྱུགས་ཐད་ལ་བགྲོ་གླེང་གྲོས་བསྡུར་མི་གནང་བའི་མིང་རྟགས་འགོད་དགོས་པ་དེ་རེད། བདག་གིས་འདི་ལྟ་བུའི་མིང་རྟགས་ཤིག་འགོད་པར་མི་འདོད་དེ། ང་ལ་ང་རང་ཉིད་ཀྱི་སློབ་གྲྭ་དང་སློབ་གསོའི་ཐད་རང་གི་ཕ་མ་དང་མཉམ་དུ་བགྲོ་གླེང་གྲོས་མོལ་བྱ་བའི་ཐོབ་ཐང་ཆ་ཚང་ཡོད་པས་སོ།

གཉིས། རང་རྒྱལ་གྱི་སློབ་མ་བྱིངས་ཀྱིས་བརྒྱུད་མི་དགོས་པའི་ཡིག་རྒྱུགས་ཤིག་བདག་ལ་ཅིའི་ཕྱིར་བཙན་དབང་གིས་གཏོང་བཅུག་པ་ཡིན་ནམ། ཡིག་རྒྱུགས་ཁོ་ནས་བདག་གི་ཡོན་ཚད་ཅི་ལྟར་རྟོགས་ནུས་སམ། སློབ་མའི་ཤེས་ཚད་འཇལ་བྱེད་ཀྱི་ལོ་འཁོར་ཡིག་རྒྱུགས་འབའ་ཞིག་ཏུ། ང་ཚོས་ཅིའི་ཕྱིར་ཤ་ཟད་རུས་ཐུག་གི་ངལ་བ་ཁྱད་དུ་བསད་དེ་གྲ་སྒྲིག་གནད་དུ་ཐིངས་པ་བྱ་དགོས་སམ།
སྤྱིར་སློབ་མའི་ཤེས་ཚད་གཞལ་བྱའི་ཡིག་རྒྱུགས་དེ་སློབ་འགོ་འམ་སློབ་དཀྱིལ། སློབ་མཐར་ཕྱིན་སྐབས་གང་རུང་དུ་གཏོང་རིགས་པར་བདག་གིས་སྙམ་མོ།

གསུམ། བདག་ལ་ཐེངས་འདིར་ཐེབས་པའི་ཡིག་ཚད་ཀྱི་གནོན་ཤུགས་དང་བཙན་སྐུལ་འདི་འདྲས་སློབ་མ་བྱིངས་ཀྱི་ལུས་སེམས་བདེ་ཐངས་ལ་གནོད་སྐྱོན་ཚབས་ཆེན་བཟོ་ཡི་ཡོད་གཤིས། ང་ཚོ་དགའ་བྲོད་ཆེན་པོས་སློབ་ལ་ཞུགས་པའི་གནས་སྐབས་སུ། ཅིའི་ཕྱིར་ང་ཚོས་མི་འདོད་བཞིན་དུ་ཡིག་ཚད་ཀྱི་བཙན་སྐུལ་དང་གནོན་ཤུགས་འདི་འདྲ་མྱོང་དགོས་ཡོད་དམ། ཡིག་རྒྱུགས་ཀྱི་དབང་གིས། ང་ཚོའི་སློབ་སྦྱོང་གི་ཁམས་སེང་ཡོད་ཚད་ཀྱང་མེད་པར་བཟོ་ཡི་འདུག་གོ”

    གོང་གི་བསྒྲགས་གཏམ་ཐུང་ངུ་འདི་ཀོ། ཨ་རིའི་ལྷོ་ཤར་མངའ་སྡེ་ཧྥི་ལོ་རེ་རྡ་ (Florida) ཧིར་ནན་རྡོ་ (Hernando) རྫོང་མི་རིགས་སློབ་འབྲིང་གི་ལོ་རིམ་བཞི་བའི་སློབ་མ་སེ་ཊི་ནེ.སི་མོ་ཐིས་ (Sydney Smoot) སློབ་གྲོགས་གཞན་ཀུན་ལས་ཀྱང་བློ་གཤོགས་ཆེར་བསྐྱེད་ཀྱིས། རང་གི་ཨ་མ་ལགས་ཀྱི་རམ་འདེགས་ལ་བརྟེན་ནས་གོང་རིམ་ནས་གསར་དུ་གཏན་འབེབ་གནང་བའི་ཡིག་ཚད་དཔྱད་ཞིབ་ (FSA) ཐད་ལ་སྒུལ་སྐྱོམ་ཆེན་པོ་བསླངས་པའི་གཏམ་བཤད་ཅིག་རེད་ལ། དེར་འདུས་ཀྱི་ཚོགས་བཞུགས་རྣམས་པར་སེམས་འགུལ་ཆེན་པོ་ཐེབས་ཏེ་དགའ་བྲོད་ཀྱི་ཐལ་མོ་བར་མེད་བརྡབས་སྐད།

ནེའུ་ཡོག་དུས་བབ་གསར་ཁང་གི་བརྙན་འཕྲིན་གསར་གནས་ལས་རང་སྐད་དུ་ཕབ།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།9

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

དཔྱད་མཆན་སྤེལ།